[001] ༄༅། །མཁན་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་འབུམ་ལས་བདེ་མཆོག་གི་སྒོ་ནས་གཤིན་པོའི་ཆོ་ག་མཁའ་སྤྱོད་མྱུར་ལམ་ཞེས་བྱ་བ་བཞུག་སོ། ། [001] །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང། །དབྱེར་མེད་འཁོར་ལོ་སྡོམ་པ་གུས་བཏུད་དེ། །དེ་ཡི་སྒོ་ནས་གཤིན་པོ་རྗེས་བཟུང་ བའི༑ ༑ཐབས་མཆོག་མདོར་བསྡུས་བདག་གིས་བྲི་བར་བྱ། །འདིར་དཔལ་འཁོར་ལོ་སྡོམ་པའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པར་འདོད་ན། སྦྱིར་ གཤིན་ཆོག་འདི་ལ། འདུལ་འཛིན་གྲགས་རྒྱན་པས་མཛད་པའི་ཀུན་རིག་གི་ཆོ་ག་རྒྱུད་དོན་གསལ་བར་རྒྱས་པར་ཡོད་ཅིང། ཆོ་ག་དེ་ཉིད་ལ་དམིགས་ པ་དང་འདོན་པ་སྤོ་ནས། དཀྱིལ་འཁོར་གཞན་ལ་སྦྱར་བ་མང་ཞིང། དེ་བཞིན་དུ་བོད་ཀྱི་མཁས་པ་མང་པོས་མཛད་ལ། ཁྱད་པར་དུ་རྒྱལ་བ་བློ་བཟང་ [002A] །དོན་གྲུབ་པས་རྒྱུད་སྡེ་འོག་མ་དང། རྗེ་པཎ་ཆེན་ཐམས་ཅད་མཁྱེན་པས་ཀྱང་བླ་མེད་ལ་ཡང་རུང་བར་གསུངས་ཤིང། ཁྱབ་ བདག་རྡོ་རྗེ་འཆང་དཀོན་མཆོག་རྒྱལ་མཚན་པས་ཀྱང་གསང་བ་འདུས་པ་ལ་སྦྱར་ནས་གསུངས་པ་དངོས་སུ་ཐོས་ཤིང། རྗེ་ཞལ་སྔ་ནས་འཇམ་དབྱངས་ གྲགས་པས་ཀྱང་འཇིགས་བྱེད་ལ་སྦྱར་ནས་ཡིག་ཆ་མཛད་པ་མཐོང་བས་ནདེ་བཞིན་དུ་སྦྱར་བར་བྱའོ། །དེ་ཡང་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་ ཐོབ་ཅིང། དམ་ཚིག་བསྲུང་ལ་བསྙེན་པ་སྔོན་དུ་སོང་བས། མཁོ་བའི་ཡོ་བྱད་རྣམས་མཐོང་རྒྱུད་ལྟར་བཤམས་ཤིང། རང་ཉིད་བདག་བསྐྱེད་སྔོན་དུ་སོང་བས་ [002B] ཁཎྜ་རོ་ཧིས་བསང། ཤཱུ་ནྱ་དས་སྦྱངས། རྟེན་སྣང་བ་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཚེ་འདས་ཀྱི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ ཡོངས་སུ་གྱུར་པ་ལས། ཚེ་ལས་འདས་པ་ཐ་མལ་པའི་ཆ་བྱད་ཅན། ཕུང་པོ་དང། ཁམས་དང། སྐྱེ་མཆེད་ཐམས་ཅད་གསལ་ཞིང་ཡོངས་སུ་རྫོགས་པ་ལག་པ་གཉིས་ཐལ་མོ་སྦྱར་ བར་གྱུར་པར་བསམས་ལ། ཨོཾ་ཧྲཱིཧ་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ས་ཏྭ་ཧཱུཾ་ཛཛ་ཞེས་འགུགས་པའི་ཕྱག་རྒྱ་དང་བཅས་ཏེ་བརྗོད། རྡེར་དྲིལ་དང་བཅས་འདོད་རྒྱལ་གྱི་ཕྱག་རྒྱ་བྱས་ལ་ སངས་རྒྱས་ཀྱི་བདེན་པ་དང། ཆོས་ཀྱི་བདེན་པ་དང། དགེ་འདུན་གྱི་བདེན་པ་དང། དེ་བཞིན་གཤེགས་པ་དང་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་དང་ སྙིང་པོ་དང་ཕྱག་རྒྱ་དང། གསང་སྔགས་དང། རིག་སྔགས་ཀྱི་ལྷའི་ཚོགས་ཐམས་ཅད་ཀྱི་བདེན་པ་དང། ཁྱད་པར་དུ་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་འཁོར་ དང་བཅས་པ་རྣམས་ཀྱི་བདེན་པ་དང། བདེན་པའི་བྱིན་གྱིས་བརླབ་ཀྱིས་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བའི་རྣམ་པར་ཤེས་པ་སྲིད་པ་བར་དོ་ཁམས་གསུམ། འགྲོ་བ་རིགས་དྲུག། སྐྱེ་ [003A]༄༅། །གནས་བཞིས་བསྡུས་པའི་འཇིག་རྟེན་གྱི་ཁམས་གང་ན་གནས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་འདིར་མཆིས་པར་གྱུར་ཅིག། ཅེས་ལན་གསུམ་དགུག་གཞུག་བྱ་ལ་ ཚེ་འདས་ཀྱི་རྣམ་པར་ཤེས་པ་ཁ་དོག་དམར་ཞིང་གསལ་བ་ཨ་ཐུང་གི་རྣམ་པར་བཀུག་ཅིང་སྤྱི་གཙུག་ནས་ཞུགས་ཏེ་སྙིང་གར་ཐིམ་པར་གྱུར། ཛཧཱུཾ་བཾ་ཧོཿ་ཞེས་རྟེན་དང་དབྱེར་མེད་དུ་གྱུར་ པར་བསམས་ལ། ཨོཾ་ཨཱཧཱུཾ། ཞེས་སྒོ་གསུམ་བྱིན་གྱིས་བརླབ། དེ་ནས་ཁྲོ་བོའི་མཆོད་པ་བྱིན་གྱིས་བརླབས་ལ། ཧཱུཾ་ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་ མུན་ཁམས་ཐམས་ཅད་བསྲེག་ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་ བ༑ ༑རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཕྱིར་གཤེགས་སུ་གསོལ། །ཨེ་ཧྱེ་ཧི། པདྨ་ཀ་མ་ལ་ཡེ་སྟྭཾ་ ཨོཾ་བཛྲ་མཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་ཨཱཧཱུཾ་གིས་ནང་མཆོད་ཕུལ། ཧཱུཾ་ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་ [003B] །ཐབས་ལ་མཁས་པའི་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང། །སྐུ་ ཡི་ཆ་ལུགས་ཟ་བྱེད་རྔམས་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང། །བསྡིགས་ པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྤྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་ དཀྱིལ་ན། །དཔའ་བོའི་སྟང་སྟབས་བརྐྱང་བསྐུམས་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་ དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་རྒྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམས་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག་ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ།། ཞེས་རྒྱས་པ་འམ། བསྡུ་ན། ཧཱུཾ་འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །བགེགས་ [004A]༄༅། །ཀྱི་དགྲ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། བགེགས་གཏོར། ཨ་མྲྀ་ཏས་བསང་ལ་བྱིན་གྱིས་རློབས་ལ། ཚེ་འདས་ལ་གནོད་ཅིང། དེའི་ཆ་བྱད་བཟུང་ ནས་གཏམ་མང་པོ་སྨྲ་བར་བྱེད་པ་ཕལ་ཆེར་དྲི་ཟའི་རིགས་སོགས་ཡོད་པས་དེ་དག་ཀྱང་བཀུག་ནས་གཏོར་མས་ཚིམ་པར་བསམ་པ་ཡིན་ཞེས་བླ་མས་གསུངས་པས། དེ་སོགས་བགེགས་ རྣམས་གཏོར་མས་ཚིམ་པར་བསམ་ལ། ཨོཾ་སརྦ་བིགྷྞན་ན་མསརྦ་ཏ་ཐཱ་ག་ཏ་བྷྱོསོགྶ་ལན་གསུམ་གྱིས་བསྔོས་པ་ནི་ཞི་བས་སྦྱང་བའོ། །དེ་ནས། ཏིང་ལོ་གསུམ། ཆང་བུ་གསུམ་ འཐེབ་ཀྱུ་གསུམ་རྣམས་རྟེན་ལ་གཡོན་སྐོར་དུ་བསྐོར་ཞིང། སུཾ་བྷ་ནིའི་སྔགས་ལན་གསུམ་བརྗོད་པ་ནི་ཞི་དྲག་ཕྱེད་མས་སྦྱང་བའོ། །དེ་ནས། སངས་རྒྱས་ཀྱི་བདེན་པ་དང་ ཞེས་པ་ནས། བདེན་པའི་བྱིན་གྱིས་རླབས་ཀྱིས་ཚེ་ལས་འདས་པ། མིང་འདི་ཞེས་བགྱི་བའི་གསོན་གྱི་དུས་ན་ཚེ་གནས་པ་ལ་བར་དུ་གཅོད་ཅིང། ཤི་འཕོས་ནས་གང་དུ་གནས་པའི་ ལུས་སྲོག། མཐོ་རིས་དང་ཐར་པ་ལ་བར་དུ་གཅོད་པ་དང། ཚེ་ལས་འདས་པའི་ཆ་བྱད་བཟུང་ནས་དེའི་ཉེ་འབྲེལ་འཇིག་རྟེན་པ་རྣམས་ལ་བསླུ་ཞིང་གནོད་པར་བྱེད་པའི་གནོད་སྦྱིན་དང་ [004B] འབྱུང་པོ་ལ་སོགས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་གནོད་པ་དང། འཚེ་བའི་བསམ་པ་ངན་པ་ཐམས་ཅད་སྤོངས་ལ། ཕན་པ་དང། བྱང་ཆུབ་ཀྱི་སེམས་དང་ ལྡན་པས་རང་རང་གི་གནས་སུ་སོང་ཞིག། གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་བསྲེག་ཞིང་རྣམ་པར་འཇོམས་པར་གདོན་མི་ཟའོ། །ཞེས་བརྗོད་ཅིང། ཞལ་བཞི་ པའི་སྔགས་དང། ཁཎྜ་རོ་ཧིའི་སྔགས་བརྗོད་ཅིང་གུ་གུལ་གྱིས་བདུག། ཡུངས་ཀར་གྱིས་བྲབ། རོལ་མོ་དྲག་ཏུ་བྱ་བ་ནི་དྲག་པོས་སྦྱང་བའོ། །སྦྱིན་སྲེག་གིས་སྦྱང་བ་ནི། མེ་ཁཎྜ་རོ་ཧིས་ བསང། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་ཧཱུཾ་དང་རྡོ་རྗེ་ལས་ཁྲོ་བོ་རྡོ་རྗེ་མཁའ་འགྲོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞལ་གདངས་ པར་གྱུར་པར་བསམས་ལ། ཚེ་འདས་ཀྱི་རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། ལྟེ་བར་རཾ་ལས་མེ། སྙིང་གར་སྡིག་པའི་ས་བོན་པཾ་ནག་པོ་ལ་ལུས་ངག་ཡིད་གསུམ་གྱི་ སྡིག་སྒྲིབ་ཐམས་ཅད་འདུས་པར་གྱུར། ལག་པར་ཏིལ་བཟུང་ནས། རྐང་པའི་འོག་གི་རླུང་གཡོས་པས། ལྟེ་བའི་ཡེ་ཤེས་ཀྱི་མེ་འབར་བའི་འོད་ཟེར་གྱིས་སྙིང་ཀའི་པཾ་དེད་ནས་སྣ་སྒོ་ [005A]༄༅། །ནས་ཐོན་ཏེ་སྡིག་པར་ཅན་གྱི་རྣམ་པར་ལག་པར་བཟུང་བའི་ཏིལ་ལ་ཐིམ་པར་གྱུར་པར་བསམས་ལ། ཁྲོ་བོའི་ཞལ་དུ་བཞེས་པར་བསམས་ཤིང། ཨོཾ་བཛྲ་ ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བསྨི་ཀུ་རུ་ཚེ་འདས་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟིཾ་ཀུ་རུ་སཱཧཱ། ཞེས་ཏིལ་མེར་དོར་རོ། །དེ་ནས། ཡུངས་ཀར་དང། བྱེ་མ་ལ་ གཙུག་ཏོར་རྣམ་རྒྱལ་དང། དུརྒ་ཏི། ཀཾ་ཀ་ནི། པདྨོ་ཥྞི་ཥ་སོགས་བཟླས་ལ། ཡི་དམ་ལྷའི་སྙིང་པོ། ཉེ་སྙིང། རྩ་སྔགས་སོགས་ལ། ཚེ་འདས་ཀྱི་སྡིག་པ་དང་སྒྲིབ་ པ་ཐམས་ཅད་ཤནྟིཾ་ཀུ་རུ་སཱཧཱ། ཞེས་སྦྱར་ལ་བྲབས། དེའི་དམིགས་པ་ནི། བྲབ་པའི་ཚེ་སྔགས་ཕྲེང་འོད་ཟེར་དང་བཅས་པ་རྟེན་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་དག་ནས་ལུས་ ཤེལ་གོང་ལྟར་གྱུར་པར་བསམ་ཞེས་པཎ་ཆེན་རྡོ་རྗེ་འཆང་གིས་གསུངས་སོ། །དེ་ནས་བསྒྲུབ་མཆོད་དང་འདྲེལ་ཚེ། རྣམ་རྒྱལ་བུམ་པའི་ཆུས་བསྒྲུབ་པའི་དཀྱིལ་འཁོར་དང། མེད་ཚེ་ དྲི་བཟང་གི་ཆུས། རྟེན་གསུམ་གང་ཡིན་པ་མེ་ལོང་དུ་འཆར་བ་ལ། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང། །ཚེ་འདས་ལུས་ངག་ཡིད་གསུམ་དྲི་མ་སྦྱང་ཆེད་དུ། ། [005B] །ཚེ་འདས་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བཧི་ཥེ་སོགས་བརྗོད་ཅིང་ཁྲུས་ནས། ཁྲུས་ཆུ་བུམ་པར་ སླར་བླུགས་ཅིང། རོ་ཡིན་ན་དངོས་སམ། བྱང་མིང་སོགས་ལ་མེ་ལོང་ལ་འཆར་དུ་བཅུག་ལ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཨོཾ་ཤྲཱི་ཧེ་རུ་ཀ་ས་མ་ཡ། སོགས་ཧེ་རུ་ཀའི་ཡིག་བརྒྱ་བརྗོད་ཅིང་ཁྲུས། །འཇིག་རྟེན་འདི་ནས་ཕ་རོལ་དུ་སོང་ཞིང་ ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང་ཁྱད་པར་དུ། ཉོན་མོངས་པ་སེར་སྣའི་སྒྲིབ་པ་ཐམས་ཅད་བྱང་ཞིང་ དག་ནས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག། དེ་བཞིན་དུ་སྦྱར་ཏེ། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཚུལ་འཆལ་ དྲི་མ་སྦྱོང་མཛད་པ། །བསྲུང་བ་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཨོཾ་ཤྲཱི་འཇིག་རྟེན་འདི་ནས་ཐམས་ཅད་དང། ཁྱད་པར་དུ་ཉོན་ [006A]༄༅། །མོངས་པ་ཚུལ་འཆལ་གྱི་སྒྲིབ་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་འཚང་རྒྱ་བར་གྱུར་ཅིག། འདི་ནི་བཟོད་པའི་ཁོང་ཁྲོའི་དྲི་མ་བྱམས་པ་དྲི་ཡིས་ ཁྲུས་ལེགྶ་ཨོཾ་ཤྲཱི་ཉོན་མོངས་པ་ཁོང་ཁྲོའི་བཟོད་པའི་ཕ་རོལ་དུ་འདི་ནི་བརྩོན་འྒྲུས་ལེ་ལོའི་བརྩོན་པ་ཁྲུས་ཨོཾ་ཤྲཱི་ཉོན་མོངྶ་ལེ་ལོའི་བརྩོན་ འགྲུས་ཀྱི་འདི་ནི་བསམ་གྟན་རྣམ་ཡེང་ཏིང་འྫིན་ཁྲུས་ལེགྶ་ཨོཾ་ཤྲཱི་ཉོན་མོངས་པ་རྣམ་གཡེང་གི་བསམ་གཏན་གྱི་འདི་ནི་ཤེས་རབ་ཤེས་འཆལ་ ཡེ་ཤེས་ཁྲུས་ཨོཾ་ཤྲཱི་ཉོན་མོངས་པ་ཤེས་འཆལ་གྱི་ཤེས་རབ་འཚང་རྒྱ་བར་གྱུར་ཅིག་ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། ། གང་ལ་ཉེས་པ་མི་མངའ་ཞིང། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཨོཾ་ཤྲཱི་ཧེ་རུ་ཀ་ས་མ་ཡ་སོགས་སྔར་བཞིན། འཇིག་རྟེན་འདི་ན་ཞེས་པ་ནས། ཁྱད་པར་དུ་ཕ་རོལ་ཏུ་ཕྱིན་ པ་དྲུག་གི་མི་མཐུན་པའི་ཕྱོགས་ཐམས་ཅད་དག་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ཏེ་མྱུར་དུ་ཅེས་ཁྲུས་ཀྱིས་སྦྱངས། དུག་དབྱུང་ནི། འདོད་ཆགས་ཞེ་སྡང་གཏི་མུག་ [006B] །དེ་དག་འཇིག་རྟེན་དུག་གསུམ་སྟེ། །དཀོན་མཆོག་གསུམ་ལ་དུག་མི་མངའ། །མཆོག་གསུམ་གཟི་ཡིས་དུག་བཅོམ་མོ། །ཧེ་རུ་ཀའི་ཡིག་བརྒྱ་དང། འཇིག་རྟེན་འདི་ནས་ ཞེས་པ་ནས། ཁྱད་པར་དུ་ཉོན་མོངས་པ་དང་དེའི་དབང་གིས་བྱུང་བའི་དུག་ཐམས་ཅད་བྱང་ཞིང་དག་ནས་མྱུར་དུ་འབྱུང་བཞི་དུག་གི་མ་ཡིན་ཏེ། །འབྱུང་བཞི་དུག་གི་ཕ་ཡང་ཡིན། ། བདེན་པའི་བདེན་ཚིག་འདི་དག་གིས། །ཚེ་འདས་དུག་ནི་དུག་མད་ཤོག་དུག་ནི་འབྱུང་བཞིའི་ནང་དུ་སོང། །སྲ་བཤེར་ཚ་གཡོས་ནང་དུ་སོང་ཞིག་ཡིག་བརྒྱ་བརྗོད་ཅིང་རྨ་བྱའི་ སྒྲོས་བྱབས་ལ། ཚེ་ལས་འདས་པ་ཆེ་གེ་མོའི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་ཤནྟིཾ་ཀུ་རུ་སཱཧཱ། འདིའི་སྐབས་སུ་དོན་ནི། ལས་སྒྲིབ་སོགས་སྔོན་ལས་ལས་བྱུང་ཡང་ རྐྱེན་རང་རང་གི་འབྱུང་བ་དེ་དག་ལས་སྐྱེ་བར་གསུངས་པས་དེ་དག་ཕ་མའི་ཐ་སྙད་དང། སོང་ཞིག་ཅེས་པ། ལས་སྒྲིབ་ཀྱི་དེ་ཁོ་ན་ཉིད་དེ། གནས་ལུགས་ངོ་བོ་དབྱེར་མེད་དུ་སོང་བ་སྟེ་ བསྒོམ། ས་ཆུ་དངོས་སུ་གཏོར་བ་སོགས་ནི་ནོར་བ་ཡིན་ནོ་ཞེསྤཎ་ཆེན་རྡོ་རྗེ་འཆང་གིས་གསུངས་སོ། །དེ་ནས་མི་ཤིས་པ་སྦྱོང་བ་ནི། དྲིལ་བུ་སིལ་ཞིང་མེ་ཏོག་གཏོར་ལ། གང་ལ་ [007A]༄༅། །སེར་སྣ་རྣམ་ཆགས་པ། །རྣམ་སྦྱོང་དྲི་མ་མེད་མཛད་ཅིང། །ཐུགས་ཞི་གནོད་པ་མེད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །འདྲེན་པ་གང་ཞིག་འགྲོ་བ་ རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མྫད་སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། ། གང་ཞིག་བདེ་བར་མངའ་མཛད་དེ། །ཁྱེད་ལ་སྐྱོབ་པ་གང་ཞིག་བྱམས་པ་ཡིས། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ་གང་ ཞིག་འཁོར་བར་འགྲོ་བ་ཡིས། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་གང་ཞིག་ཆོས་རྣམས་མངོན་སུམ་གྱུར། །གཙང་ཞིང་བསླུ་བ་མི་ མངའ་བ། །གསུང་གཙང་གཙང་མར་བྱེད་པ་དེས། །ཁྱེད་ལ་དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང། །དོན་གྲུབ་ཆོས་ཀྱང་གྲུབ་པ་དེས། ། ཁྱེད་ལ་གང་ཞིག་སྐྱེས་པའི་ས་རྣམས་ནི། །ནགས་ཚལ་བཅས་པས་རབ་གཡོགས་ཅིང། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བྱང་ཆུབ་སྙིང་པོར་གཤེགས་པ་ན། ། [007B] །བདུད་ཡིད་མི་བདེར་བྱེད་པ་དེས། །ཁྱེད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུངས་ཤིང། །ཐུབ་པའི་སྙན་པ་གང་ བྱུང་དེས། །ཁྱེད་ལ་ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ནས། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་སངས་རྒྱས་ཁྱེད་ལ་བདེ་ལེགས་ མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང། །འབྱུང་པོ་ཀུན་གྱིས་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག་སངས་རྒྱས་བསོད་ནམས་མཐུ་དག་དང། །ལྷ་རྣམས་ཀུན་གྱི་བསམ་ པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག་རྐང་གཉིས་ཁྱེད་ཅག་བདེ་ལེགས་གྱུར། །རྐང་བཞི་ཁྱེད་ཅག་བདེ་ལེགས་གྱུར། །ཁྱེད་ཅག་ལམ་འགྲོར་བདེ་ གྱུར་ཅིག་ཕྱིར་འོང་བདག་ཀྱང་བདེ་ལེགས་ཤོག་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མའི་གུང་ཡང་བདེ་ལེགས་ཤིང། །ཁྱེད་ཅག་རྟག་ཏུ་བདེ་ལེགས་གྱུར། །ཁྱེད་ ཅག་སྡིག་པར་མ་གྱུར་ཅིག་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བས་བདུད་དང་མི་འཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག་ཅེས་བརྗོད་ལ་མི་ཤིས་པ་ [008A]༄༅། །སྦྱང་བའོ། །དེ་ནས་ཚེ་འདས་ཀྱི་བུ་སོགས་ཉེ་འབྲེལ་རྣམས། གཤིན་པོས་ཕྱག་བྱ་བར་བསམ་ལ་ཕྱག་འཚལ་ཞིང། གཤིན་པོས་སྐྱབས་སུ་འགྲོ་བར་བསམས་ཤིང་ གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་ པ་སེལ་བ་དང། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་དུ་བཟང་ལ་བདག་ཉིད་འབུལ། །འཇམ་ པའི་དབྱངས་ལ་བདག་ཉིད་ཀྱིས། །བདག་གི་ལུས་འདི་དབུལ་བར་བགྱི། །ཐུགས་རྗེ་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང། །ཉམ་ཐག་ང་རོས་འོ་དོད་འབོད། ། སྡིག་ལྡན་བདག་ལ་སྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། ། གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་ [008B] །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ལྷར་བསྐྱེད་པ་ནི། རྟེན་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་ པ་ལས་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་གཡས་བརྐྱང་གིས་བཞུགས་པར་གྱུར་པར་བསམས་ལ། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་ཤྲཱི་ཧེ་རུ་ཀ་ཨོཾ་ཨཱ་ ཧཱུཾ༑ གིས་ནང་མཆོད་ཕུལ། ཆོས་དབྱིངས་རྣམ་དག་སོགས་ཀྱིས་བསྟོད། ཟས་གཏད་བྱེད་འདོད་ན། སྡིག་པ་དང་མ་འདྲེས་པའི་ཤ་ཆང་ཕྱེ་མར་སོགས། བསང་སྦྱངས་ནང་མཆོད་ ལྟར་བྱིན་གྱིས་བརླབས་ལ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་ཚེ་འདས་ལྷ་ལ་འབུལ་ལགས་ཀྱི། ། བཞེས་ནས་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག་ཨོཾ་ཤྲཱི་ཧེ་རུ་ཀ་རཱུ་པ་ཀ་མ་གུ་ཎ་བཛྲ་པཱུ་ཛ་ཏི་ཨཱཧཱུཾ། དེ་བཞིན་དུ་སྦྱར་ཏེ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཡིད་འོང་སྒྲ་ སྙན་ཅི་མཆིས་པ། །མོས་སློས་སོགས་དང་ཤཔྟ་སྦྱར། ཕྱོགས་དུས་ཀུན་ན་ཙན་དན་སྦྲུལ་སྙིང་དང། །ཨ་ཀར་ལ་སོགས་དབང་པོ་ཚིམ་བྱེད་པ། །་གནྡྷེ། ཕྱོགས་དུས་ཀུན་ན་རོ་ [009A]༄༅། །དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་ཟས་མཆོག་ཅི་མཆིས་པ། །་རཱ་ས། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ ལུས་སེམས་ཚིམ་བྱེད་པ། །་སྤརཤ། ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བའི་མིག་གི་ཡུལ་དུ་གཟུགས་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣའི་ཡུལ་དུ་དྲི་ཞིམ་པ། ལྕེའི་ ཡུལ་དུ་རོ་མངར་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ་ལ་སོགས་པ་འདོད་ཡོན་གང་ལ་ཡང་ཆགས་ཤིང་མེད་པར་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག་ཐམས་ཅད་ནམ་མཁའི་ མཛོད་བཞིན་དུ། །སོགས་བྱའོ། །འདི་ལ་རྒྱུད་སྡེ་འོག་མའི་སྐབས་སུ་ཤ་ཆང་སོགས་མི་རུང་བར་ཤེས་པར་བྱ་དགོས་སོ། །དེང་སང་ཁམ་སོག་གི་བླ་མ་འགའ་ཞིག་ཀུན་རིག་གི་ལྷོ་སྒོའི་ ཆོ་ག་ལ་ལུག་སོགས་བསད་ཅིང། ཤ་ཆེན་པོ་སྤུངས་ནས་འདོད་ཡོན་གྱི་ཚིག་བརྗོད་ནས་རྣམ་ཤེས་ཡར་འདྲེན་བྱེད་པའི་ལུགས་དེ་ནི། ཚེ་འདས་དེ་ངན་སོང་དུ་བསྒྱུར་བའི་ཐབས་དྲག་ ཤོས་རང་ཡིན་པར་གདོན་མི་ཟ་ལ། དེས་མཚོན་དེ་འདྲའི་ནོར་འཁྲུལ་མང་པོ་ཡོད་པ་དེ་ལ་འགག་པ་བྱས་ཀྱང། ས་པཎ་གྱིས། སོལ་བ་འབད་དེ་བཀྲུས་ན་ཡང། །ཁ་དོག་དཀར་པོ་མི་ [009B] །ཞེས་གསུངས་པ་ལྟར་གྱུར་པར་མ་ཟད། ཆགས་སྡང་དང་ཁོང་ཁྲོའི་རྒྱུར་འགྲོ་བས་བདག་ལྟ་བུ་ཙཱུ་ཏའི་ཡུལ་གྱི་རྐང་གཉིས་པ་རྣམས་བཏང་སྙོམས་སུ་བཞག་པ་ལས་འོས་མེད་དོ། །ལམ་ བསྟན་དངོས་ནི། དཀོན་མཆོག་རིན་ཆེན་དཔལ་བཞིན་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་འཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་བསྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བསྟེན་ནས་ སྡིག་པ་ཀུན་བྱང་ནས། །འཕགས་པའི་ལམ་དེར་འགྲོ་བར་ཤོག་ཨོཾ་རཏྣེ་རཏྣེ། མཧཱ་རཏྣེ། རཏྣ་བི་ཤོ་དཧེ། རཏྣ་ཀེ་ར་ནི། རཏྣ་མཱ་ལ་བི་ཤུདྡྷེ། ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ། ཅེས་ བརྗོད་པས། ཚེ་འདས་ཀྱི་རྣམ་ཤེས་ལྷ་དང་དབྱེར་མེད་དུ་ཧཱུཾ་ཡིག་གི་རྣམ་པར་སྤྱི་གཙུག་ནས་འཐོན་པ་ལ། དཔའ་བོ་དང་དཔའ་མོ་རྣམས་ཀྱིས་ལག་ན་མེ་ཏོག་དང་སྤོས་དང་རྒྱལ་མཚན་དང་བདན་ ལ་སོགས་པ་ཐོགས་པས་བསུས་ཏེ། རོལ་མོའི་སྒྲ་སྣ་ཚོགས་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་པར་གྱུར་པར་བསམས་ལ་མེ་ཏོག་གྱེན་དུ་གཏོར་ཞིང་རོལ་མོ་རྒྱ་ཆེར་བྱའོ། །འདི་ལ་ཞལ་ [010A]༄༅། །ཤེས་ཕྲན་བུ་ཡོད་ལ་དོན་ལ། ཚེ་འདས་མཁའ་སྤྱོད་དུ་སྐྱེ་བའི་རྒྱུར་དཀྱིལ་འཁོར་སྒྲུབ་པ་སོགས་ཚོགས་གསོག་པ་ནི་ཚོགས་ལམ་དང། དེའི་མཐུས་མཁའ་སྤྱོད་དུ་ཉིང་ མཚམས་སྦྱོར་བ་ནི་སྦྱོར་ལམ་དང། དེའི་ཆེད་དུ་རྟེན་ལྷར་བསྒོམ་པ་ནི་བསྒོམ་ལམ་དང། མཁའ་སྤྱོད་དུ་འགྲོ་བའི་ལམ་བསྟན་པ་ཇི་ལྟ་བ་བཞིན་ཚེ་འདས་ཀྱིས་མཐོང་བ་ནི་མཐོང་ལམ་དང། དེར་ བགྲོད་ནས་མཁའ་སྤྱོད་དུ་སྐྱེ་བར་མ་ཟང། ཧེ་རུ་ཀའི་ཞལ་མཐོང་དབང་དང་གདམས་ངག་ཐོབ་པར་དམིགས་པ་ནི་བླ་ན་མེད་པའི་ལམ་དང། དེར་ལམ་རྣམས་མངོན་དུ་བྱེད་པ་ནི་བར་ཆད་མེད་ ལམ་ཡིན་ཞེས་རྡོ་རྗེ་འཆང་བླ་མས་གསུངས་པ། གཞན་བདེ་བ་ཅན་དང་མངོན་དགའ་སོགས་སུ་སྦྱར་ནའང་ཞིང་གི་མིང་མ་གཏོགས་དེ་བཞིན་གསུངས། དེ་ནས། རོ་འམ་མིང་བྱང་སོགས་ སྡིག་སྒྲིབ་དང་ལྷན་ཅིག་རཾ་ལས་སྐྱེས་བའི་ཡེ་ཤེས་ཀྱི་མེས་བསྲེག་པར་བསམས་ལ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །གསོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦར་རོ། །འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྦར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། །བྱང་ཆུབ་སེམས་དཔའི་མེ་སྦར་རོ། ། [010B] །ལྷ་མོ་དྲུག་གི་མེ་སྦར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བའི་སྐུ་གསུམ་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་ དོན་དུ་འགྲུབ་པར་ཤོག་ཅེས་བརྗོད་ཅིང་བསྲེག་གོ་དེ་ནས། དགེ་བར་གསུངས་ཤིང། སྐར་མ་རབ་རིབ་མར་མེ་དང། །སོགས་དང། སྟོང་པ་ཉིད་ལ་གཟུགས་མེད་ཚོར་བ་མེད་ སོགས་བརྗོད་ཅིང། སྟོང་ཉིད་ཀྱི་ལྟ་བས་རྒྱས་འདེབས་ཤིང། ལས་ཀྱི་རྗེས་མི་མངོན་པར་བྱའོ། །རྒྱས་པར་ན་དགུག་དྲལ་དང། ཁྲུས་ཀྱི་ཚིགས་བཅད་དང། དཀོན་མཆོག་ གསུམ་སོ་སོར་ཕྲལ་ནས་བྱེད་པ་དང། འབྱུང་བཞི་སོ་སོར་ཕྲལ་བ་སོགས་ཆོ་ག་རྒྱས་པ་ལྟར་བྱས་ན་ཆེས་ཕུན་སུམ་ཚོགས་པ་ཡིན་ལ། འདིར་ནི་ཆོ་ག་བསྡུས་པ་ལ་མོས་པ་རྣམས་ཀྱི་བློ་དང་ བསྟུན་པར་བྱས་པ་ཡིན་ནོ། །བདེ་བ་མཆོག་གི་སྒོ་ནས་འགྲོ་བ་རྣམས། །བདེ་ལྡན་དག་པའི་ཞིང་དུ་འཁྲིད་པའི་ཐབས། །བདེ་བར་གོ་སླའི་ཚུལ་གྱིས་སྦྱར་བའི་མཐུས། །བདེ་ཆེན་ ལྷན་སྐྱེས་ཡེ་ཤེས་མྱུར་ཐོབ་ཤོག་ཅེས་འཁོར་ལོ་སྡོམ་པའི་སྒོ་ནས་ཚེ་འདས་རྗེས་སུ་བཟུང་བའི་ཆོ་ག་མཁའ་སྤྱོད་མྱུར་ལམ་ཞེས་བྱ་བ་འདི་ནི། རང་གི་སློབ་མ་གུས་ལྡན་གྱི་དགེ་སློང་ [011A]༄༅། །གྲགས་པ་རྒྱལ་མཚན་པས་ནན་ཆེར་བསྐུལ་བའི་ངོར། རྗེ་གྲགས་རྒྱན་པས་མཛད་པའི་ལྷོ་སྒོའི་ཆོ་ག་གཞིར་བྱས་ནས། རྗེ་པཎ་ཆེན་ཐམས་ཅད་མཁྱེན་པའི་ གསུངས་པ་དང་བླ་མའི་མན་ངག་གིས་བརྒྱན་ཏེ། རྡོ་རྗེ་འཆང་ཆེན་པོ་འཁོར་ལོའི་མགོན་པོ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་བཀའ་དྲིན་གྱིས་ཉེ་བར་འཚོ་བའི་ལྷའི་བཙུན་པ་ ་བློ་བཟང་བསྟན་འཛིན་རྒྱལ་མཚན་གྱིས་སྦྱར་བའི་དགེ་བས་མར་གྱུར་སེམས་ཅན་ཐམས་ཅད་བདེ་བ་མཆོག་གི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག། །།ཤུ་བྷཾ། ། [011B][BLANK PAGE]